བྱམས་པ། 藏文古籍 2015-02-04
ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་ནི་༡༩༥༩ལོར་བཙུགས་པ་དང་། བོད་ཀྱི་རིག་གནས་སྲུང་སྐྱོབ་དང་མི་རིགས་ཀྱི་དཔེ་རྙིང་ཕུན་ཚོགས་ཉར་ཆེད། ལོ་འགའི་རིང་མི་རིགས་ས་ཁུལ་ཁག་ནས་བོད་ཡིག་དཔེ་རྙིང་པོ་ཏི་བརྒྱད་སྟོང་ལྷག་བསྡུ་ཉར་དང་། ལེགས་བསྒྲིགས་དང་དཀར་ཆག་བསྒྲིགས་ཡོད། དེ་ལས་གསུམ་འབུམ་སྐོར་གྱི་དཀར་ཆག་དེབ་གསུམ་དུ་བགོས་ནས་དཔར་བསྐྲུན་བྱས་པར་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་དགའ་བསུ་ཆེན་པོ་ཐོབས། དཀར་ཆག་སྒྲིག་ལུགས་ཐད་ཀྱང་ཐུན་མོང་མ་ཡིན་པའི་སྲོལ་ཡག་པོ་ཞིག་བཞག་ཡོད། ལྷག་ཏུ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་པོ་ཏི་སྟོང་ཕྲག་ཉེ་བ་དེང་རབས་གློག་ཆས་ལ་བརྟེན་ནས་སློག་པར་དང་བསྐུམས་པར་སྦྱིན་ཤོག་མང་པོ་བརྒྱབ། |
རྣམ་གྲངས་རིགས་དབྱེ།
ད་ལྟའི་བོད་ཡིག་དཔེ་རྙིང་སྐོར་ལ་གཙོ་བོ་གཤམ་གྱི་ཕྱོགས་འགར་བགོས་ཡོད། ༡、རྒྱལ་པོའི་བཀའ་བསྟན། ༢、རིམ་བྱོན་མཁས་པའི་གསུང་འབུམ། ༣、སྣ་ཚོགས་ཀྱི་སྐོར། ༤、བསྐུམས་པར་སྦྱིན་ཤོག་བཅས་སོ། ། |
བཀའ་བསྟན་གྱི་སྐོར།
༡. བཀའ་བསྟན་སྐོར་ལ་སྡེ་དགེའི་བཀའ་བསྟན་འགྱུར་ནི་ཉེ་རབས་སུ་སྡེ་དགེ་པར་ཁང་ནས་ཤིང་པར་པར་བསྐྲུན་བྱས་བ་ཡིན་ལ། དེ་ལས་བཀའ་འགྱུར་ལ་གླེགས་བམ་103དང་ཆོས་ཚན་1018ཡོད། ཤོག་ངོས་རེར་ཐིག་ཕྲེང་བདུན། དཔེ་ངོས་ལ་50.5×7(ལིས་རྨིས)ཡོད། བསྟན་འགྱུར་ལ་བསྡོབས་པས་ཆོས་ཚན་3354ལ་གླེགས་བམ་213ཡོད། བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་སྡེ་དགེ་དཀར་ཆག《ཆུ་གཏེར་འཕེལ་བའི་ཟླ་བ་གསར་བར་》”གླེགས་བམ་རིན་པོ་ཆེ་བརྒྱ་ཕྲག་གཉིས། ཡིག་སྡེབ་དྲུག་ཁྲི་ཉིས་སྟོང་ཉིས་བརྒྱ་ང་བདུན་བཞུགས། ”ཤོག་ངོས་རེར་ཐིག་ཕྲེང་བདུན་རེ་དང་དཔེ་ངོས་ལ་51.9×7.4(ལིས་རྨིས)ཡོད། ང་ཚོས་དཔེ་མཛོད་ཁང་གིས་གླེགས་བུམ་ལ་བདག་སྐྱོང་ལེགས་པོ་བྱེད་ཆེད་དཔེ་སྒམ་ཉིས་བརྒྱ་སུམ་ཅུ་སོ་བརྒྱད་དུ་བཅུག་པ་སོ་སོ་བཀའ་འགྱུར་ལ་དཔེ་སྒམ་གྱ་གསུམ་(ཨང་རྟགས000001--000083)དང་བསྟན་འགྱུར་ལ་དཔེ་སྒམ་བརྒྱ་ང་ལྔ་ཡོད། (ཨང་རྟགས000084--000239ཡོད།))) |
༢. ལྷ་སའི་པར་མ་བཀའ་འགྱུར་མར་པོད་ཆེན་བརྒྱ་ཡོད། (ཨང་རྟགས001837-001936)ཡི་གེའི་གཟུགས་ཆེ་ལ་མཛེས་པ་ངོས་རེར་ཐིག་ཕྲེང་བདུན་དང་དཔེ་ངོས་ལ་57.5×11(ལིས་རྨིས)“པུ་སྟི་ཀ་བརྒྱ་ཕྲག་ལ་ཤོག་གྲངས་བཞི་ཁྲི་བརྒྱད་སྟོང་བརྒྱ་དང་བརྒྱད་ཅུ་གྱ་དགུ་”བཞུགས། ད་ཡོད་བཀའ་འགྱུར་པར་གཞིའི་ཁྲོད་ཆེས་ལེགས་པའི་གྲས་གཅིག་ཡིན། ཆོས་ཀྱི་རྣམ་གྲངས་དང་པོ་འདུལ་བ། ཕར་ཕྱིན། ཕལ་ཆེན། དཀོན་བརྩེགས། མདོ་སྡེ། རྒྱུད་སྐོར། དཀར་ཆག་བཅས་རིམ་པར་བསྒྲིགས་ཡོད། |
༣.པེ་ཅིན་བཀའ་འགྱུར་པར་མར་བསྡོམས་པའི་གླེགས་བམ་བརྒྱ་དང་དྲུག ཟབ་བརྐོས་པར་མ་པོད་ལྔ་བཅས་(ཨང་གྲངས་004065-004176)ཆོས་ཚན་སྟོང་དང་ལྔ་བཅུ་ང་ལྔ་བཞུགས། གཞན་ཁང་ཞིས་ལོ་སོ་དགུ་བར་བྲིས་པའི་བོད་རྒྱ་སོག་མན་བཞིའི་ཡི་གེ་ཤན་སྦྱར་བྱས་པའི་དཀར་ཆག་པོད་གཅིག་བཞུགས། ཤོག་ངོས་རེར་ཐིག་ཕྲེང་བརྒྱད་དང་དཔེ་ངོས་ལ་58.2×14.2(ལིས་རྨིས)ཡོད། པར་འདི་ནི་ཆིན་གོང་མའི་རྒྱབ་སྐྱོར་འོག་དཔར་བརྐོས་མཛད་པས་ཡི་གེའི་གཟུགས་ཆེ་ལ་མཛེས་ཤིང་། དཔར་ཐུམ་རྒྱུ་སྤུས་བཟང་ལ་དཔར་ཚུགས་ཤིན་ཏུ་ཆེ། དཔེ་ཁ་ཡོད་ཚད་བཀྲ་ཤིས་རྟགས་བརྒྱད་སོགས་རི་མོས་མཛེས་པར་རྒྱན་ཡོད། |
༤. པེ་ཅིན་བཀའ་བསྟན་འགྱུར་ཉི་ཧོང་གྱི་བསྐྱར་པར་མ་ནི་1995-1958ལོའི་བར་ཉི་ཧོང་ཏ་ཀུའུ་སློབ་ཆེན་གྱི་བོད་ཀྱི་བཀའ་བསྟན་ཞིབ་འཇུག་ཚོགས་པས་སྦྱིན་ཤོག་སྤུས་ལེགས་དང་ལག་རྩལ་སྔོན་ཐོན་གྱིས་པོ་ཏི་བརྒྱ་དང་ལྔ་བཅུའི་བདག་ཉིད་ཅན་གྱི་《པེ་ཅིན་བོད་ཀྱི་བཀའ་བསྟན་》བསྐྱར་པར་དུ་བཏབ། མ་དཔེར་བཀའ་འགྱུར་ལ་ཁང་ཞིས་ལོ་ཉེར་གཉིས་པར་བརྐོས་པའི་དཔར་མ་དང་། བསྟན་འགྱུར་ལ་ཡུང་ཀྲིན་ལོ་གསུམ་པར་བརྐོས་པའི་དཔར་མ་གཞི་བཟུང་ཡོད། རྗེས་《པེ་ཅིན་བོད་ཀྱི་བཀའ་བསྟན་དཀར་ཆག་དང་ཚིག་བྱང་དཀར་ཆག་》པོད་བཞི་ཡོད་པ་པར་དུ་བཏབ། དེ་ལས་བཀའ་འགྱུར་ལ་ཆོས་ཚན་1055(ཨང་གྲངས་1-1055)དང་བསྟན་འགྱུར་ལ་ཆོས་ཚན་3961(ཨང་གྲངས་2001-5962)བསྡོམས་པའི་ཆོས་ཚན་5016བསྡུས་ཡོད། ཆོས་ཚན་རེ་རེར་ཞིབ་ཆའི་དཀར་ཆག་བཀོད་པ་ནི་བཀའ་བསྟན་དཀར་ཆག་འདིའི་ཁྱད་ཆོས་གཙོ་བོ་ཡིན། བཀའ་བསྟན་རྩོམ་སྒྲིག་ཞིབ་ལ་དོན་འདུས་པའི་མི་ཚད་བཟོ་བཀོད་ལེགས་ལ་མདུན་རྒྱབ་ཀྱི་དཔེ་བྱང་ཡོངས་གསེར་སྦྱང་གིས་དཔར་མ་ཁོ་ན་ཡིན་པས། ཞིབ་འཇུག་དང་ཉར་རྟེན་ཕྱོགས་ཡོངས་ནས་རིན་ཐང་ཆེན་པོ་ཡོད། |
༥. མི་དབང་ཕོ་ལྷའི་གསེར་བྲིས་བསྟན་འགྱུར་གྱི་པོད་གྲངས་དང་ཆོས་ཚན་གྲངས་སྣར་ཐང་པར་མ་དང་མཚུངས། པོད་ཉིས་བརྒྱ་ཉེར་ལྔ། ཆོས་ཚན་3934དང་། ལྡེབས་98451བཞུགས། བསྟན་འགྱུར་བྲིས་མ་འདིའི་དབུ་ཁང་གཡས་གཡོན་དུ་ཐུབ་པ་ཆེན་པོ་དང་རྡོ་རྗེ་སྙིང་པོ་སོགས་བདེ་གཤེགས་སོ་ལྔའིསྐུ་བཪྙན་ཚར་བཅུ་གཅིག་དང་། སངས་རྒྱས་སྨན་བླ་སོགས་བདེ་གཤེགས་མཆེད་བརྒྱད་ཀྱི་སྐུ་བཪྙན་ཚར་བདུན། རྡོར་སེམས། མི་འཁྲུགས་པ། རྣམ་པར་སྣང་མཛད་གསུམ་གྱི་སྐུ་བཪྙན་ཚར་གསུམ་རེ་བཅས་བཞེངས་ཡོད། བྲིས་པ་ཡིག་གཟུགས་མཛེས་ལ་གྲལ་དག་པ། སྨྱུག་ཁའི་འཁྱུག་རྩལ་གྲུང་ལ་འོད་མདངས་ཡོད་པ། གསེར་བྲིས་ཡི་གེའི་འབུར་ཉམས་དོད། གླེག་ཤིང་ལ་བ་སོའི་བརྐོས་པའི་རི་མོའི་བརྒྱན་ལ་གླེག་ཐགས་གསེར་སྐུད་ཀྱིས་བརྒྱུས་པ། གདོང་དར་རྣམས་ཀྱང་བྲིན་པ་ཁོ་ནས་རིན་ཐང་ཆེ། དུས་རབས་འདིའི་ལོ་རབས་ལྔ་བཅུ་བ་ནས་བརྒྱད་བཅུ་བའི་བར་བསྟན་འགྱུར་བྲིས་མ་འདི་ཆ་ཚང་བར་མི་རིགས་དཔེ་མཛོད་ཁང་དུ་གདན་དྲངས་ནས་བཞུགས་པའི་དུས། རིག་དངོས་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་བསྟན་བཅོས་ཤིག་ཏུ་བཟུང་ནས་ཞི་བདེ་དང་ལོ་བཅུའི་གོད་ཆག་སོགས་ག་དུས་ཡིན་རུང་སྟོབས་ཤུགས་གང་ཡོད་ཀྱིས་སྲུང་སྐྱོབ་བྱས་པ། མི་དམངས་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་རིན་པོ་ཆེ་མཆོག་གིས་བསྟོད་བསྔགས་དང་འཚམས་འདྲིའི་ལེགས་སྐྱེས་གནང་། 1987ལོར་ཆེད་གཏོང་གནམ་གྲུས་ཕྱིར་བོད་ལྗོངས་སུ་གདན་དྲངས་ནས་ད་ལྟར་དགའ་ལྡན་དགོན་པའི་བསྟན་འགྱུར་ལྷ་ཁང་དུ་བཞུགས་ཡོད།
བསྟན་འགྱུར་ལྷ་ཁང་དུ་བཞུགས་ཕོ་ལྷའི་གསེར་བྲིས་བསྟན་འགྱུར། མི་རིགས་དཔེ་མཛོད་ཁང་དུ་ཉར་ཚགས་གནང་དུས་མི་ཤུགས་དང་རྒྱུ་ཤུགས་འབོར་ཆེན་བཏོན་ནས་བསྐུམས་པར་སྦྱིན་ཤོག་ཏུ་ཕབ་པ་མ་ཟད། དེབ་བརྒྱ་རུ་བསྡུས་ཏེ་ཐེན་ཅིན་གནའ་དཔེ་དཔེ་སྐྲུན་ཁང་གིས་དཔར་ནས་རྒྱལ་ཁབ་ཕྱི་ནང་ཏུ་བཀྲམས། པར་མ་དེའི་མཇུག་ཏུ་ཁྲི་སྲོང་ལྡེ་བཙན་དང་ལོ་ཆེན་ཁག་གི་བརྩམས་ཆོས་ཀྱི་དཀར་ཆག་འཁོད་ཡོད། དཔེ་མཛོད་ཁང་དུ་ད་ལྟའང་དཔར་མ་ཆ་ཚང་གཅིག་དང་བསྐུམས་པར་སྦྱིན་ཤོག་ཆ་ཚང་། ད་དུང་དཔེ་མཛོད་ཁང་གི་ཞིབ་འཇུག་པ་ངག་དབང་ནོར་བུས་ལོ་བཅུ་ལྷག་གི་རིང་གི་དུས་བེད་སྤྱད་ནས་གསེར་བྲིས་བསྟན་འགྱུར་གྱི་ཆོས་ཚན་རེ་རེའི་མཚན་བྱང་དང་། ལྡེབ་གྲངས། རྩོམ་པ་པོ། བསྒྱུར་བ་པོ། ཞུས་ཆེན། སྤྱིན་བདགགནས་དང་དུས་ལ་སོགས་པ་ཇི་བཞིན་བཤུས་ཏེ་གསེར་བྲིས་བསྟན་འགྱུར་བསྐུམས་པར་སྦྱིན་ཤོག་དཔར་མ་འདིའི་དཀར་ཆག་དེབ་གཅིག་རྩོམ་སྒྲིག་བྱས་ཏེ་སྤྱི་ལོ་2005ལོ་མཇུག་ཏུ་མི་རིགས་དཔེ་བསྐྲུན་ཁང་གིས་པར་ཏུ་བཏབ། དཀར་ཆག་དེ་མ་ཕྱིའི་གསེར་བྲིས་བསྟན་འགྱུར་དང་མཉམ་སྤྱོད་བྱས་ཆོག |
༦. སྣར་ཐང་བསྟན་འགྱུར་ལ་བསྟོད་ཚོགས། དབུ་མ། རྒྱུད། རྣམ་འགྲེལ། ཚད་མ། སྐྱེས་རབས་སོགས་བསྡོམས་པོད་144ཙམ་བསྡུ་ཉར་བྱུང་། དཔར་མ་རྩང་པོ་ཡིན་ལ་དཀར་ཆག་ཆད། བསྟན་འགྱུར་འདིའི་ལྡེབ་ངོས་རྒྱ་ཆེ་ཤིང་། ཡི་གེའི་འབྲུ་རགས་པ། ཆོས་ཚན་ཐུང་བ་རེ་གཉིས་ཆད་ལྷག་འདུག་པ་དང་། དབུ་ལྷའི་བཀོད་ཚུལ་མི་འདྲ་བ་ལས་ཆོས་ཚན་སྒྲིག་རིམ་པེ་ཅིན་གྱི་བསྟན་འགྱུར་པར་མ་དང་མཚུངས་པ་ཡིག་ཆ་འགའ་རེ་སྣང་། |
གསུང་འབུམ་གྱི་སྐོར།
གཉིས་པ་རིམ་བྱོན་མཁས་པའི་གསུང་འབུམ་སྐོར་ནི་ངེད་དཔེ་མཛོད་ཁང་གི་བོད་ཡིག་དཔེ་རྙིང་གི་གྲུབ་ཆ་གཙོ་བོ་དང་གྲངས་མང་བ་ཡིན། དཀར་ཆག་《ཤེས་བྱའི་གཏེར་མཛོད་》དུ་བསྡུས་པ་མཁས་དབང་བརྒྱ་དང་བརྒྱད་ཅུ་ལྷག་གི་གསུམ་རྩོམ་པོད་གྲངས་ཆོས་ཚན་བཅས་གསལ་བོ་འཁོད་ཡོད། ཆོས་ལུགས་ནང་དོན་ཕུད་ལོ་རྒྱུས་དང་རྣམ་ཐར་སྐོར་གྱི་ལྗགས་རྩོམ་མང་པོ་ཡོད་དེ། བསྟན་རྩིས་རེའུ་མིག་དང་། རྒྱལ་རབས། མི་རིགས་བར་གྱི་འབྲེལ་བའི་སྐོར་གྱི་ལོ་རྒྱུས། ཆོས་འབྱུང་། གྲུབ་མཐའ་སོ་སོའི་བླ་བརྒྱུད། གདུང་རབས། རང་རྣམ། གསང་བའི་རྣམ་ཐར། གནས་ཡིགདགོན་པའི་གདན་རབས་སོགས་དང་། གཞན་ཡང་མགུར་མ་དང་། ལེགས་བཤད། བཅད་ལྷུག་སྤེལ་མའི་སྙན་ངག་གི་གཏམ་རྒྱུད་སོགས་ཀྱང་ཡོད། གནའ་དུས་རྒྱ་གར་གྱི་སྐད་ཡིག་ས་སྐྲི་ཏའི་སྒྲ་རིག་པ་དང་། གཏན་ཚིགས་རིག་པ། སྙན་ངག་སོགས་གསལ་བཤད་བྱེད་པའི་མཆན་འགྲེལ་སྐོར་གྱི་རྩོམ་རིག་ཡང་མི་ཉུང་བ་ཞིག་ཡོད་པ། ཞིབ་པར་དཀར་ཆག་《ཤེས་བྱའི་གཏེར་མཛོད་》དུ་གསལ།
《ཤེས་བྱའི་གཏེར་མཛོད་》གྱི་ཁྱོན་མིང་ལ་《བོད་གངས་ཅན་གྱི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་བརྒྱ་དང་བརྒྱད་ཅུ་ལྷག་གི་གསུང་འབུམ་སོ་སོའི་དཀར་ཅག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཤེས་བྱའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །》འབོད། དེབ་གསུམ་དུ་བགོས་པའི་སྟོད་ཆ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1984ལོར་དཔར་བསྐྲུན་མཛད་པ་དང་། དཀར་ཆག་རིམ་པ་གསུང་འབུམ་གྱི་རྩོམ་པ་པོ་སོ་སོའི་མཚན་ཟུར་ལས་དྲས་པའི་ཀ་ཁའི་གོ་རིམ་ལྟར་བསྒྲིགས་པའི་ཀ་རྨ་པ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ནས་ལྕང་ལུང་པཎྚིཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་བར་བསྡོམས་པའི་མཁས་གྲངས་ང་ལྔའི་གསུང་འབུམ་གྱི་གླེགས་བམ་ཨང་གྲངས་དང་ཆོས་ཚན། ལྡེབ་གྲངས་བཅས་གསལ་བར་བཀོད་ཡོད། བར་ཆ་1989ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ་ནས་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ་བར་བསྡོམས་པའི་མཁས་གྲངས་དྲུག་ཅུ་རེ་གསུམ་གྱི་གསུང་འབུམ་གྱི་གླེགས་བམ་ཨང་གྲངས་དང་ཆོས་ཚན། ལྡེབ་གྲངས་བཅས་གསལ་བར་བཀོད་ཡོད། སྨད་ཆ་1997ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ། ཕ་བོང་ཁ་པ་བདེ་ཆེན་སྙིང་པོའི་གསུམ་འབུམ་ནས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་གསུང་འབུམ་བར་བསྡོམས་པའི་མཁས་གྲངས་བདུན་ཅུ་དོན་གཅིག་གི་གསུང་འབུམ་གྱི་གླེགས་བམ་ཨང་གྲངས་དང་ཆོས་ཚན། ལྡེབ་གྲངས་བཅས་གསལ་བར་བཀོད་ཡོད། གསུང་འབུམ་སྐོར་གྱི་དཀར་ཆག་རིམ་པ་ཀ་ཁའི་གོ་རིམ་ལྟར་བསྒྲིགས་ཡོད། གྲུབ་མཐའི་བླ་བརྒྱུད་དང་སྐུ་རབས་གྲགས་ཆེ་བའི་མིང་གི་གོ་རིམ་ཇི་བཞིན་མཚོན་པར་བྱེད་ཆེད། སྤྱི་མིང་བླ་བརྒྱུད་དང་སྐུ་རབས་སོའི་མིང་བཏགས་ནས་ནང་ཁུལ་གྱི་རྩོམ་པ་པོའི་མཚན་ནི་སྐུ་ཕྲེང་སྔ་ཕྱིའི་གོ་རིམ་ལྟར་བསྒྲིགས་ཡོད། དཔེ་ཆ་དང་དཔྱད་གཞི་སོགས་ལྟ་ཀློག་བདེ་ཆེད་ཞར་ལ་རྩོམ་པ་པོའི་ལོ་རྒྱུས་གནད་བསྡུས་བཅས་པ་བོད་རྒྱ་སྐད་གཉིས་ཤན་སྦྱར་བྱས་ནས་བཀོད་ཡོད། དཔེ་མིང་ཐད་རྒྱས་བསྡུས་སྣ་ཚོགས་ཡོད་པ་རྒྱས་པ་ཐ་སྙད་དང་མངོན་བརྗོད་རྣམ་གྲངས་མང་བས་ཀློག་པ་པོས་གོ་དཀའ་བ་ཞིག་འདུག་ནའང་དཔེ་མིང་ཁ་བྱང་བསྡུས་པ་ཐོས་སྒྲོགས་སུ་གླེང་བ་ཁོ་ནར་རུང་བ་ལས་མིང་འདྲ་བ་མང་བས་དཀར་ཆག་ཏུ་འཁོད་ན་ཪྙོག་འཛིང་ཡོང་སླ། དེ་བས་ང་ཚོས་དཔེ་མིང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དཔེ་དོན་དམིགས་བསལ་ལ་དགོངས་ནས་དཔེ་ཆའི་ཁ་བྱང་ཡོངས་རྫོགས་ཇི་བཞིན་བཤུས་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་དང་དེང་སྐབས་རྒྱལ་ཁབ་ཕྱི་ནང་དུ་དར་བའི་དེབ་གཟུགས་དཀར་ཆག་གྱི་ཁྱད་ཆོས་འབུར་ཐོན་ལ་ཐུགས་གཟིགས་དང་། དཔར་གྱི་ཞུ་དག་ཞིབ་ཚགས་ཆེ་བར་བྱས་ཡོད་པས་ཞིབ་འཇུག་གི་ལག་ཆ་ཆེས་བྲིན་པོ་ཞིག་ཅེས་ཀུན་གྱིས་བསྔགས། གསལ་བཤད་དགོས་པ་ཞིག་ལ་མཚམས་ལར་པར་སྒྲིག་པའི་སྐབས་མཁས་པའི་གསུང་འབུམ་སོ་སོར་ཉེ་སློབ་སོགས་ཀྱིས་བརྩམས་པའི་རྣམ་ཐར་བཞུགས་ཚེ་འཚོལ་བདེ་ཆེད་དམ་པ་གང་དེའི་གསུང་འབུམ་གྱི་མགོ་མཇུག་གང་རུང་ཏུ་བཅུག་ཡོད་པ་ང་ཚོས་དཀར་ཆག་འགོད་སྐབས་གསལ་བཤད་མ་བྱས་པར་དཀྱུས་གཅིག་ཏུ་དཀར་ཆག་བཀོད་ཡོད། དཔེར་ན། མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་བདེ་ཆེན་པཎྜིཏས་མཛད་པ་དམ་པ་གང་དེའི་གསུང་འབུམ་དུ་བཅུག་ནས་དཀར་ཆག་བསྒྲིགས་ཡོད། ཡང་དཔེར་ན། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་ལྷ་ས་པར་མའི་པོད་ཉ་བར་དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་《འཇལ་དབངས་བླ་མ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་པར་ཐར་པ་བརྗོད་པའི་གཏམ་དད་པའི་བདྨོ་བཞད་པའི་ཉིན་བྱེད་》ཇི་བཞིན་དམ་པ་གང་དེའི་གསུང་འབུམ་དཀར་ཆག་ཏུ་འཁོད་ཡོད། དེ་བས་ཀློག་མཁན་གྱིས་རང་རྣམ་དང་དབྱེ་བ་མི་འཛོལ་བར་དགོངས་དག་ཞུ། |
སྣ་ཚོགས་ཀྱི་སྐོར།
སྣ་ཚོགས་ཀྱི་སྐོར་ནི་གོང་གསལ་རྩ་བའི་སྡེ་ཚན་གཉིས་པོ་གང་གི་ཁོངས་སུ་ཡང་མི་གཏོགས་པ་ཚང་མ་སྡེ་ཚན་འདིའི་ཁོངས་སུ་གཏོགས། པོད་གྲངས་བརྒྱ་ཕྲག་དགུ་ཙམ་ལ་ཆོས་ཚན་སྟོང་དྲུག་ལྷག་ཉར་ཚགས་བྱས་ཡོད། དེ་ལ་དཔེ་རྙིང་ཀྱི་ནང་དོན་ལ་བལྟས་ཏེ་རྣམ་ཐར་གྱི་སྐོར་དང་། ལོ་རྒྱུས་དེབ་ཐེར། སྨན་གྱི་སྐོར། ཆབ་ཤོག མགུར་གླུ བསླབ་བྱ། བཟོ་རིག་པ། སྐར་རྩིས། སྙན་ངག་སོགས་རིགས་བཞི་བཅུ་ལྷག་ཏུ་བགོས་ནས་བོད་རྒྱ་ཤན་སྦྱར་གྱིས་དཔེ་མཛོད་ཁང་གི་དཀར་ཆག་ཤེས་བྱའི་གཏེར་མཛོད་དེབ་བཞི་མ་ནང་ཁུལ་པར་མ་ཅིག་བཟོས་ཡོད་པ་ཕྱི་ལ་བཀྲམས་ཐུབ་མེད། |
བསྐུམས་པར་སྦྱིན་ཤོག་གི་སྐོར།
བསྐུམས་པར་སྦྱིན་ཤོག་ལ་མི་དབང་ཕོ་ལྷའི་གསེར་བྲིས་བསྟན་འགྱུར་པོད་གྲངས་ཉིས་བརྒྱ་ཉེར་ལྔའི་བདག་ཉིད་ཅན་ཆ་ཚང་དང་། ཙོང་ཁ་པའི་གསུང་འབུམ་སོགས་རིམ་བྱོན་མཁས་པ་ལྔ་བཅུ་ལྷག་གི་གསུང་འབུམ་པོད་གྲངས་སྟོང་ལྷག་དང་སྣ་ཚོགས་སྐོར་ལས་ཉེར་མཁོའི་དཔེ་རྙིང་པོད་མང་པོ་བསྐུམས་པར་སྦྱིན་ཤོག་ཏུ་བཏབ་པ་བསྡོམས་པའི་བསྐུམས་པར་སྦྱིན་ཤོག་ཤོག་རིལ་མ་སྟོང་གཅིག་སུམ་བརྒྱ་ལྷག་ཡོད། དེ་ལས་བསྐུམས་པར་སྦྱིན་ཤོག་ཐམས་ཅད་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བར་སྦྱིན་ཤོག་ཏུ་བཏབ་པ་དང་། ཉར་ཚགས་དང་གཡོག་ཀློག་བདེ་ཆེད་ང་ཚོས་གློག་རྡུལ་དང་འོད་ལྡེར་ཏུ་ཕབ་ནས་བཞག་ཡོད། གློལ་རྡུལ་འོད་ལྡེར་དང་བསྐུམས་པར་སྦྱིན་ཤོག་སྐོར་གྱི་དཀར་ཆག་ཆེད་དེབ་ང་ཚོས་ནང་ཁུལ་དུ་ཆ་ཚང་སྒྲིག་ཡོད། |